ལེའུ་བཅོ་བརྒྱད་པ།
གྲོང་ཁྱེར་ཆེན་མོ་སྦ་བི་ལོན་འཇིག་པའི་སྐོར།
1 དེའི་རྗེས་སུ་ངས་དཀོན་མཆོག་གི་ཞིང་ཁམས་ནས་འབབ་པའི་ཕོ་ཉ་དབང་ཆེན་པོ་དང་ལྡན་པ་ཞིག་མཐོང༌། དེའི་གཟི་བརྗིད་ཀྱི་འོད་ཟེར་ས་གཞི་ལ་འཕྲོ།
2 ཁོང་གིས་སྐད་ཆེན་པོས།
གྲོང་ཁྱེར་ཆེན་མོ་སྦ་བི་ལོན། །
དེ་ནི་འཇིག་སྟེ་བདུད་རྣམས་དང༌། །
འདྲེ་ཡི་གནས་ས་མི་གཙང་བ། །
མི་དགའི་འདབ་ཆགས་ཚང་དུ་གྱུར། །
3 མི་རིགས་ཀུན་གྱིས་སྦ་བི་ལོན། །
ཁོ་མོའི་མི་གཙང་འདོད་ཆགས་ཀྱི། །
རྒུན་ཆང་བཏུངས་ཤིང་ས་གཞི་ཡི། །
རྒྱལ་པོ་རྣམས་ཀྱིས་ཁོ་མོ་དང༌། །
ལོག་གཡེམ་བྱས་ཤིང་ཚོང་དཔོན་རྣམས། །
ཁོ་མོའི་འདོད་ཡོན་བརྒྱུད་ནས་ཕྱུག །
ཞེས་གསུངས།
4 དེ་ནས་ངས་དཀོན་མཆོག་གི་ཞིང་ཁམས་ནས་བྱུང་བའི་སྐད་གཞན་ཞིག་གིས།
ང་ཡི་མི་རྣམས་ཁོ་མོ་ལྷན། །
སྡིག་ལས་མཉམ་དུ་མི་བྱེད་དང༌། །
ཁོ་མོའི་ཆག་སྒོ་མི་ཡོང་ཕྱིར། །
སྦ་བི་ལོན་ནས་ཐོན་ཤིག་ཨང༌། །
5 དེ་ལྟར་བྱེད་པའི་རྒྱུ་མཚན་ནི། །
ཁོ་མོའི་སྡིག་པའི་ཕུང་པོ་དེ། །
ནམ་མཁར་ཐུག་ལྟར་དཀོན་མཆོག་གིས། །
ཁོ་མོའི་ཉེས་པ་དྲན་པར་མཛད། །
6 ཁོ་མོས་གང་བྱས་ཁོ་མོ་ལ། །
དེ་ལྟར་གྱིས་ཤིག་དེ་ལས་ཀྱང༌། །
ལན་ནི་ལྡབ་གཉིས་ཁོ་མོར་འཇོལ། །
ཁོ་མོས་གྲ་སྒྲིག་བྱས་པ་ཡི། །
རྒུན་ཆང་དེ་ལས་ལྡབ་གཉིས་ཀྱིས། །
གར་བ་ཁོ་མོའི་ཕོར་པར་བླུགས། །
7 ཁོ་མོས་ང་ལ་རྒྱལ་མོ་ཡིན། །
ཡུགས་མོ་མིན་ཞིང་ང་ལ་ནི། །
མྱ་ངན་ནམ་ཡང་མི་ཡོང་བསམས། །
དེ་ཕྱིར་ཁོ་མོས་རང་ཉིད་ལ། །
ཅི་ཙམ་བསྟོད་དང་ལོངས་སུ་སྤྱོད། །
དེ་ཙམ་གྱིས་ནི་སྡུག་པོ་དང༌། །
མྱ་ངན་ཁོ་མོར་གཏོང་ཞིག་ཨང༌། །
8 དེའི་ཕྱིར་ཁོ་མོར་ཉིན་གཅིག་ནང༌། །
རིམས་ནད་དང་ནི་མྱ་ངན་དང༌། །
མུ་གེ་ཕོག་ཡོང་ཁོ་མོ་ལ། །
ཁྲིམས་གཅོད་མཛད་མཁན་སྟོབས་ཅན་གྱི། །
གཙོ་བོ་དཀོན་མཆོག་ཡིན་པས་ན། །
ཁོ་མོ་མེ་ཡིས་སྲེག་པར་འགྱུར། །
ཞེས་གསུངས།
9 ཁོ་མོ་དང་མཉམ་དུ་རྒྱས་སྤྲོད་དང་ལོག་གཡེམ་བྱེད་མཁན་ས་གཞིའི་རྒྱལ་པོ་རྣམས་ཀྱིས་ཁོ་མོ་འཚིག་པ་ལས་འཐུལ་བའི་དུ་བ་མཐོང་བའི་ཚེ། ཁོ་མོའི་དོན་དུ་ངུ་ཞིང་སྨྲེ་སྔགས་འདོན་པར་འགྱུར།
10 ཁོ་མོའི་སྡུག་བསྔལ་གྱིས་འཇིགས་ཤིང་རྒྱང་རིང་ནས་ཁོ་ཚོས།
ཡ་རེ་ང༌། ཡ་རེ་ང༌།
གྲོང་ཁྱེར་ཆེན་མོ་སྦ་བི་ལོན། །
བཙན་ཡང་ཁྱེད་ཀྱི་ཆད་པ་ནི། །
ཆུ་ཚོད་གཅིག་ཙམ་ཕོག་པར་གྱུར། །
ཞེས་བཤད་པར་འགྱུར།
11 སུས་ཀྱང་དེ་ཚོའི་ཚོང་ཟོག་མི་ཉོ་བས། ས་གཞིའི་ཚོང་དཔོན་རྣམས་ཀྱིས་མོའི་དོན་དུ་ངུ་ཞིང་སྨྲེ་སྔགས་འདོན་པར་འགྱུར།
12 ཚོང་ཟོག་དེ་རྣམས་ནི་གསེར་དང༌། དངུལ་དང༌། ནོར་བུ་རིན་པོ་ཆེ་དང༌། མུ་ཏིག་དང༌། རས་སྤུས་ལེགས་དང༌། རས་རྒྱ་སྨུག་དང༌། དར་གོས་དང༌། རས་དམར་པོ་དང༌། དྲི་ཞིམ་གྱི་ཤིང་རིགས་སྣ་ཚོགས་དང༌། གླང་ཆེན་གྱི་མཆེ་བ་ལས་བཟོས་པའི་དངོས་པོ་རིགས་སྣ་ཚོགས་དང༌། རིན་ཆེ་བའི་ཤིང་དང༌། ལི། ལྕགས། རྡོ་ཀ་མ་རུ་བཅས་ལས་བཟོས་པའི་དངོས་པོ་རིགས་སྣ་ཚོགས་དང༌།
13 སྤོས་ཆུ་དང་སྣུམ་རྩ་ཆེན་རིགས་སྣ་ཚོགས་དང༌། བདུག་སྤོས་དང༌། རྒུན་ཆང་དང༌། སྐྱུར་རུ་ཤིང་གི་སྣུམ་དང༌། གྲོ་ཕྱེ། གྲོ་དང༌། ཕྱུགས་རིགས་དང༌། ལུག རྟ། ཤིང་རྟ་དང༌། བྲན་གཡོག་དང་མི་སྲོག་ཡིན་ནོ།
14 ཁོ་ཚོས།
ཁྱོད་ཀྱིས་གདུང་བའི་འབྲས་བུ་ཁྱོད་ལས་ཤོར། །
ཁྱོད་ཀྱི་རྒྱས་སྤྲོད་རྒྱུ་ནོར་མེད་པར་གྱུར། །
དེ་དག་ཁྱོད་ལ་ནམ་ཡང་འཐོབ་མི་འགྱུར། །
ཞེས་བཤད་པར་འགྱུར།
15 དངོས་པོ་དེ་རྣམས་ཀྱི་ཚོང་དཔོན་ཁོ་མོ་ལས་ཕྱུག་པོར་འགྱུར་མཁན་རྣམས་ནི་ཁོ་མོའི་སྡུག་བསྔལ་གྱིས་འཇིགས་ལ་རྒྱང་རིང་ནས་ངུ་ཞིང་སྨྲེ་སྔགས་འདོན་པར་འགྱུར་དེ།
16 ཡ་རེ་ང་ལ་ཡ་རེ་ང༌། །
རས་ནི་སྤུས་ལེགས་རྒྱ་སྨུག་དང༌། །
དམར་པོ་དེ་བཞིན་རིན་ཆེན་གསེར། །
ནོར་བུ་རིན་ཆེན་མུ་ཏིག་གིས། །
བརྒྱན་པའི་གྲོང་ཁྱེར་ཆེན་མོ་འདི། །
17 ཆུ་ཚོད་གཅིག་ཙམ་དུས་ཐུང་ནས། །
རྒྱུ་ནོར་ཐམས་ཅད་ཕུང་བར་གྱུར། །
ཞེས་སོ། གྲུ་དཔོན་དང༌། འགྲུལ་པ། གྲུ་པ་ཐམས་ཅད་རྒྱ་མཚོ་ལས་འཚོ་བ་རྙེད་ཚད་ཐག་རིང་ནས།
18 ཁོ་མོ་འཚིག་པ་ལས་འཐུལ་བའི་དུ་བ་མཐོང་བའི་ཚེ་སྐད་ཆེན་པོས་“གྲོང་ཁྱེར་ཆེན་མོ་འདི་ལྟར་གྱི་གྲོང་ཁྱེར་གཞན་གང་ན་ཡོད་དམ་”ཞེས་བོད།
19 རང་གི་མགོ་ལ་ཐལ་བ་གཏོར་ནས་ངུ་ཞིང་སྨྲེ་སྔགས་འདོན་ཏེ་ཁོ་ཚོས་སྐད་ཆེན་པོས།
ཡ་རེ་ང་ལ་ཡ་རེ་ང༌། །
སྔར་སོང་རྒྱ་མཚོར་གྲུ་ཡོད་པ། །
ཁོ་མོའི་ནོར་གྱིས་ཕྱུག་པོ་ཆགས། །
འདི་ལྟར་གྲོང་ཁྱེར་ཆེན་མོ་དེ། །
ཆུ་ཚོད་གཅིག་ལ་ཕུང་བར་གྱུར། །
20 ཀྱེ་མ་མཁའ་དང་དམ་པ་རྣམས། །
སྐུ་ཚབ་པ་དང་ལུང་སྟོན་པ། །
དཀོན་མཆོག་གིས་ནི་ཁོ་མོ་ལ། །
གང་བྱས་པ་དེའི་ཁྲིམས་གཅོད་མཛད། །
དེས་ན་ཁྱེད་ཀྱིས་དགའ་བར་གྱིས། །
ཞེས་བཤད།
21 དེ་ནས་ཕོ་ཉ་སྟོབས་ཅན་ཞིག་གིས་རང་འཐག་གི་རྡོ་ཆེན་པོ་དང་འདྲ་བ་ཞིག་བསྒྲུགས་ནས་རྒྱ་མཚོ་ལ་འཕངས་ཏེ།
འདི་ལྟར་གྲོང་ཁྱེར་སྦ་བི་ལོན། །
ཆེན་པོ་འདི་ཡང་དྲག་པོ་ཡིས། །
འཕངས་ནས་ནམ་ཡང་མཐོང་མི་འགྱུར། །
22 ཁྱོད་ནང་པི་ཝང་གཏོང་མཁན་དང༌། །
གླུ་ལེན་མཁན་དང་གླིང་བུ་མཁན། །
དུང་ཆེན་གཏོང་མཁན་དག་གི་དབྱངས། །
ནམ་ཡང་དེ་རུ་ཐོས་མི་འགྱུར། །
བཟོ་རིགས་གང་གི་བཟོ་པ་ཡང༌། །
ཁྱོད་ནང་ནམ་ཡང་ཡོད་མི་འགྱུར། །
དེ་བཞིན་རང་འཐག་གི་སྐད་ཀྱང༌། །
ཁྱོད་ཀྱི་ནང་དུ་ཐོས་མི་འགྱུར། །
23 ཁྱོད་ཀྱི་ཚོང་དཔོན་ས་སྟེང་མི་ཆེན་ནི། །
མི་རིགས་ཐམས་ཅད་ཁྱོད་ཀྱི་མཐུ་བརྒྱབ་ནས། །
མགོ་སྐོར་བཏང་བས་མར་མེའི་འོད་དག་ནི། །
ཁྱོད་ནང་ནམ་ཡང་འཕྲོ་བར་མི་འགྱུར་རོ། །
མག་པ་བག་མའི་སྐད་ཀྱང་ཁྱོད་ནང་དུ། །
ནམ་ཡང་ཐོས་པའི་གོ་སྐབས་མེད་པར་འགྱུར། །
24 ཁོ་མོའི་ནང་དུ་ལུང་སྟོན་པ་དང་ནི། །
དམ་པ་རྣམས་དང་ས་སྟེང་ལ་བསད་པ། །
ཐམས་ཅད་ཀྱི་ནི་ཁྲག་དག་དེར་འདུག་གོ །
ཅེས་གསུངས་སོ། །