ལེའུ་ལྔ་པ།
ཤོག་སྒྲིལ་དང་ལུ་གུའི་སྐོར།
1 དེ་ནས་བཞུགས་ཁྲི་ལ་བཞུགས་མཁན་གྱི་ཕྱག་གཡས་སུ་ངས་ཕྱི་ནང་གཉིས་ལ་བྲིས་པའི་ཤོག་སྒྲིལ་ཕྱག་རྒྱ་བདུན་གྱིས་བཏབ་པ་ཞིག་མཐོང༌།
2 ཡང་ངས་དཀོན་མཆོག་གི་ཕོ་ཉ་དབང་ཆེན་པོ་དང་ལྡན་པ་ཞིག་མཐོང༌། དེས་གསུང་སྐད་ཆེན་པོས་“ཤོག་སྒྲིལ་གྱི་ཕྱག་རྒྱ་བཅད་ནས་འབྱེད་འོས་པ་སུ་ཡིན་”ཞེས་གསུངས་ཀྱང༌།
3 དཀོན་མཆོག་གི་ཞིང་ཁམས་སམ། ས་སྟེང་དུའམ། སའི་འོག་ཏུ་ཤོག་སྒྲིལ་ཕྱེ་ནས་ནང་ལ་ལྟ་ཐུབ་མཁན་སུའང་མེད།
4 ཤོག་སྒྲིལ་འབྱེད་པའམ་དེའི་ནང་ལ་ལྟ་བར་འོས་པ་སུའང་མེད་པས་ངས་མང་པོ་ངུས།
5 དེ་ནས་རྒན་པོ་ནང་ནས་ཤིག་གིས་ང་ལ་“མ་ངུ༌། ལྟོས་ཤིག ཡུ་དཱ་ཚོ་པ་ནས་ཡིན་པའི་སེང་གེ་སྟེ། རྒྱལ་པོ་དཱ་བིད་ཀྱི་རྩ་བ་ཁོང་གིས་རྒྱལ་བས་ཤོག་སྒྲིལ་དེའི་ཕྱག་རྒྱ་བདུན་གཅོད་ཅིང་འབྱེད་ཐུབ་བོ་”ཞེས་གསུངས།
6 ངས་སེམས་ཅན་བཞི་དང་བཞུགས་ཁྲི་དང་རྒན་པོ་རྣམས་ཀྱི་ཁྲོད་དུ་བསད་པའི་རྟགས་དང་ལྡན་པའི་ལུ་གུ་བཞེངས་ཡོད་པ་ཞིག་མཐོང༌། ཁོང་ལ་ར་ཅོ་བདུན་དང་སྤྱན་བདུན་ཡོད་དེ། སྤྱན་བདུན་ནི་དཀོན་མཆོག་གི་ཐུགས་ཉིད་བདུན་པོ་ས་གཞི་ཐམས་ཅད་ལ་མངགས་པ་རྣམས་ཡིན།
7 ཁོང་ཕེབས་ནས་བཞུགས་ཁྲི་ལ་བཞུགས་མཁན་གྱི་ཕྱག་གཡས་ནས་ཤོག་སྒྲིལ་དེ་བཞེས།
8 དེ་ལྟར་མཛད་ནས་སེམས་ཅན་བཞི་པོ་དང་རྒན་པོ་ཉི་ཤུ་རྩ་བཞི་ཡིས་ལུ་གུའི་མདུན་དུ་ཕྱག་བཙལ་ཏེ། རེ་རེའི་ཕྱག་ལ་པི་ཝང་དང༌། བདུག་སྤོས་ཀྱིས་གང་བའི་གསེར་གྱི་ཕོར་པ་ཡོད་པ་དེ་དཀོན་མཆོག་གི་མི་རྣམས་ཀྱི་སྨོན་ལམ་ཡིན།
9 ཡང་ཁོང་རྣམས་མགུར་མ་གསར་པ་བཞེས་ཏེ།
ཁྱེད་ཀྱིས་ཤོག་སྒྲིལ་ཐོགས་པ་དང༌། །
ཕྱག་རྒྱ་འབྱེད་པ་རབ་ཏུ་འོས། །
ཁྱེད་ནི་སྔོན་དུས་བཀྲོངས་མྱོང་བས། །
ཚོ་པ་སྐད་དང་མི་རིགས་དང༌། །
རྒྱལ་ཁབ་འདྲ་མིན་སྣ་ཚོགས་ལས། །
ཁྲག་གིས་བླུ་བར་མཛད་ནས་ནི། །
དཀོན་མཆོག་གི་ཕྱིར་གཏོགས་པར་མཛད། །
10 ང་ཚོའི་དཀོན་མཆོག་གི་ཆེད་དུ། །
རྒྱལ་འབངས་དང་ནི་མཆོད་དཔོན་མཛད། །
ས་སྟེང་ཀུན་ཏུ་མངའ་དབང་སྒྱུར། །
ཞེས་སོ། །
11 དེ་ནས་ངས་བལྟས་ཏེ། བཞུགས་ཁྲི་དང༌། སེམས་ཅན་དང༌། རྒན་པོ་རྣམས་ཀྱི་མཐའ་འཁོར་ལ་དཀོན་མཆོག་གི་ཕོ་ཉ་གྲངས་ལས་འདས་པ་རྣམས་ཀྱི་སྐད་ཐོས།
12 ཁོང་རྣམས་ཀྱིས་སྐད་ཆེན་པོས།
བསད་པའི་ལུ་གུ་དབང་ཆ་དང༌། །
ཕུན་ཚོགས་ཤེས་རབ་ནུས་སྟོབས་དང༌། །
གཟི་བརྗིད་དཔལ་ཡོན་བསྟོད་པར་འོས། །
ཞེས་སོ། །
13 ཡང་ངས་དཀོན་མཆོག་གི་ཞིང་ཁམས་དང༌། སའི་སྟེང་དང༌། སའི་འོག་དང༌། རྒྱ་མཚོ་ལ་ཡོད་པའི་སེམས་ཅན་ཏེ་གང་བཀོད་པ་ཐམས་ཅད་ཀྱིས།
བཞུགས་ཁྲིའི་སྟེང་དུ་བཞུགས་མཁན་དང༌། །
ལུ་གུ་བཀུར་སྟི་གཟི་བརྗིད་ཆེ། །
དཔལ་ཡོན་མངའ་ཐང་རྒྱས་པ་ནི། །
ཇི་སྲིད་བསྐལ་བརྒྱའི་བར་དུ་བརྟན། །
ཞེས་སྨྲས་པ་ཐོས།
14 སེམས་ཅན་བཞི་པོས་“ཨ་མེན་”ཞེས་ཟེར་ཞིང༌། རྒན་པོ་རྣམས་ཀྱིས་ཕྱག་བཙལ་ལོ། །